ངེད་གསར་འགྱུར་གྱི་གསར་བཀོད།ཉེ་ཆར།ཟུང་ཆུ་རྫོང་གིས་ཕྱི་རོལ་གྱི་ངལ་རྩོལ་པའི་དགོས་མཁོ་དངོས་ལ་དམིགས་ནས།བཟོ་ཚོགས་ས་ཚུགས་ཞབས་ཞུ་བྱེད་གནས་བྱས་ཏེ།“བདུན་སྐྱེལ”གྱི་ཞབས་ཞུ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། ཕྱི་རོལ་གྱི་ངལ་རྩོལ་པས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་བརྒྱུད། ཁོ་ཚོར“སྒོ་འགྲམ”ནས་བཟོ་ཚོགས་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་དུ་བཅུག
  རྫོང་དེས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་“བདུན་སྐྱེལ”གྱི་ཞབས་ཞུ་ཟུང་འབྲེལ་ནུས་ལྡན་བྱས་ཏེ་བཟོ་ཚོགས་ས་ཚིགས་དེ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་འཐབ་ས་དང་པོར་བསྐྲུན་རྒྱུ་རེད། ས་ཚིགས་སུ《བཟོ་ཚོགས་བཅའ་ཁྲིམས》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》《ཞིང་བ་ལས་མིའི་གླ་ཕོགས་སྤྲོད་པར་འགན་ལེན་བྱེད་པའི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ལག་དེབ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཆར་ལྭ་དང་། གཙང་ཤོག ཤོག་ཕོར་སོགས་དངོས་སྤྱོད་ཡོ་བྱད་མཁོ་འདོན་བྱས་ཏེ་ཕྱི་རོལ་གྱི་ངལ་རྩོལ་པས་དུས་དང་རྣམ་པ་ཀུན་དུ་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་ཡོད། དུས་མཚུངས་སུ་བཟོ་ཚོགས་ཀྱི་ལས་བྱེད་པ་དང་བཅའ་ཁྲིམས་བློ་འདྲིའི་བྱ་བ་དུས་བཀག་ལྟར་ས་ཚིགས་སུ་བཅའ་སྡོད་བྱས་ཏེ། ངལ་རྩོལ་པར“གཅིག་གཏད་གཅིག”གི་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ངལ་རྩོལ་གན་རྒྱ་འཇོག་པ་དང་། གླ་ཕོགས་འགྱངས་ཆད་གཏོང་བ། ལས་རྨས་སྐྱིན་ཚབ་སྤྲོད་པ་སོགས་གླེང་མང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཡོད་ལ། མིག་སྔའི་བར་དུ། བསྡོམས་པས་མི་ཐེངས་ལྔ་བཅུ་ལྷག་གི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཕྱི་རོལ་གྱི་ངལ་རྩོལ་པའི་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།(གསར་འགོད་པ་འཛམ་སྒྲོན།)