ངེད་གསར་འགྱུར་གྱི་གསར་བཀོད། ཆུ་བྲུགས་པའི་དུས་ལ་སླེབས་པ་ནས་བཟུང་། ཆར་ཆུ་འབབ་ཚད་མངོན་གསལ་གྱི་ཇེ་མང་དུ་སོང་ཡང་། འབར་ཁམས་གྲོང་ཁྱེར་རྒྱང་སྐྱོད་སློབ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ལས་ཚད་ཇེ་དམའ་རུ་སོང་མེད། འཛུགས་སྐྲུན་ལས་ཀ་བ་ཚོའི་དུས་ཚོད་དམ་འཛིན་བྱས་ནས།ཆར་རླུང་དང་བསྡོངས་ནས།ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ཐབས་ཇུས་ཡང་དག་ལག་བསྟར་བྱས་ནས།ཨར་ལས་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལས་གཞིའི་འཕེལ་རིམ་ལ་འགོར་འགྱང་མི་བྱེད་པ་འགན་ལེན་བྱས།
  ཨར་ལས་ཀྱི་ཞིབ་ཕྲའི་གོ་རིམ་ཁྲོད། ཨར་ལས་རྣམ་གྲངས་ཚོགས་པས་ལག་རྩལ་གསར་གཏོད་བྱས་ནས་ལས་ཆོད་ཆེ་རུ་བཏང་སྟེ། ཆུ་གསོག་པའི་གནད་དོན་ལ་དམིགས་ནས། ཨར་ལས་བྱ་ཡུལ་དུ་ཆུ་འབུད་ས་ཚིགས་མང་པོ་བཙུགས་པ་མ་ཟད། ནུས་ཚད་མཐོ་བའི་ཆུ་འབུད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ཆུ་གསོག་དུས་དུས་ཐོག་ཏུ་འདོན་ཐུབ་པར་ཁག་ཐེག་བྱས།
  འབར་ཁམས་གྲོང་ཁྱེར་རྒྱང་སྐྱོད་སློབ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱི་གཉེར་གཞོན་པ་ཝང་ཧུང་གི་བཤད་རྒྱུར། ཉེ་ལམ་ཆར་ཆུ་འབབ་ཐེངས་མང་བས། ཨར་ལས་བྱ་ཡུལ་དུ་ཆུ་གསོག་སླ་བས་བཟོ་སྐྲུན་གྱི་མྱུར་ཚད་ལ་གནོད་པ་མ་ཟད། བཟོ་སྐྲུན་གྱི་རྒྱུ་སྤུས་ལའང་གནོད། ལས་གྲྭ་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱ་ཆེད། ང་ཚོས་སྔོན་ལ་བབ་བསྟུན་གྲ་སྒྲིག་འཆར་གཞི་ཞིབ་ཕྲ་བཟོས་ཏེ། གནམ་གཤིས་སྡེ་ཁག་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དང་། ཨར་ལས་འཆར་གཞི་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཡོད།
  མིག་སྔར། འབར་ཁམས་གྲོང་ཁྱེར་རྒྱང་སྐྱོད་སློབ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཧུར་བརྩོན་དང་གོ་རིམ་ལྡན་པའི་ངང་ལས་བཞིན་པའི་སྒང་ཡིན། བྲུགས་འགོག་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་བྱས་པ་དང་བསྟུན་ནས། རྣམ་གྲངས་ཨར་སྐྲུན་ཚོགས་པས་གཏན་འཁེལ་བྱས་ཟིན་པའི་དམིགས་ཚད་ཀྱི་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད།།(གསར་འགོད་པ་འཛམ་སྒྲོན།)