ཟླ10པའི་ཚེས21ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་མཚོ་ཆུང་བརླན་ས་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དར་ལག་ཆུ་འགྲམ་གྱི་བརླན་ས་གཉིས་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་ཐོར་ཚུད། མིག་སྔའི་བར་དུ། མཚོ་སྔོན་ལ་རྒྱལ་སྤྱིའི་བརླན་ས་གལ་ཆེན4དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན5ཡོད།
  འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། ཞིང་ཆེན་སོ་སོས་རེ་ཞུ་འབུལ་བ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོས་ཞིབ་དང་རིགས་སྒྲུབ་བྱས་པ་བརྒྱུད། ཟླ10པའི་ཚེས16ཉིན། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་ཐོ་སྐོར་གསར་པ་ཁྱབ་བསྒྲགས་བྱ་རྒྱུར་འཐད་པ་བྱུང་། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ཞེས་པ་ནི་བརླན་སའི་སྐྱེ་ཁམས་ཀྱི་བྱེད་ནུས་དང་ཕན་འབྲས་ལ་རྒྱལ་ཁབ་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། 《རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གཏན་འཁེལ་དམིགས་ཚད》དང་མཐུན་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར་སྲུང་སྐྱོང་དང་དོ་དམ་བྱེད་པའི་བརླན་ས་ལ་ཟེར།  རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུ་ནི་བརླན་སའི་རིམ་བགོས་དོ་དམ་དོན་འཁྱོལ་དང་། བརླན་ས་སྲུང་སྐྱོང་དང་སླར་གསོ།  དོ་དམ་བཅས་བྱེད་པའི་རྨང་གཞིའི་བྱ་བ་ཞིག་རེད།
  གཏེར་ལེན་ཁ་གྲོང་ཁྱེར་གྱི་མཚོ་ཆུང་རྒྱལ་ཁབ་བརླན་ས་གལ་ཆེན་ནི་ཚྭ་འདམ་གཞོང་གི་ཤར་བྱང་མཐའ་མཚམས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང3800.63ཡོད། གཙོ་བོ་ནི་མཚོ་བོད་མཐོ་སྒང་གི་མཚེའུ་དང་བརླན་སའི་སྐྱེ་ཁམས་མ་ལག ཁྲུང་ཁྲུང་སྐེ་ནག་དང་ངང་བ་དཀར་པོ་སོགས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དང་དེའི་འཚོ་གནས་སྲུང་སྐྱོང་བྱ་རྒྱུ་དེ་རེད། བརླན་ས་དེར་རི་སྐྱེས་སྲོག་ཆགས་ཀྱི་རིགས105ལྷག་ཡོད་པ་དང་། རི་སྐྱེས་རྩི་ཤིང་ལ་ཚན21དང་ཁོངས63དང་རིགས80ཡོད། མཚོ་ཆུང་བརླན་ས་ནི་གོ་ལ་ཡོངས་ཀྱི་དུས་བྱ་གནས་སྤོར་དྲ་རྒྱ་ལས་ཨ་ཤེ་ཡ་དབུས་མའི་གནས་སྤོར་ལམ་ཐིག་མདོ་དབུས་མཐོ་སྒང་ལས་བརྒལ་བའི་མཁོ་སྤྲོད་ས་ཚིགས་དང་ངལ་གསོའི་གནས་གཙོ་བོ་ཞིག་ཡིན་པས། སྐྱེ་དངོས་ཀྱི་རིགས་སྲུང་སྐྱོང་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་འཛིན་བྱེད་པར་ཚབ་བྱེད་དཀའ་བའི་སྐྱེ་ཁམས་ཀྱི་རིན་ཐང་ལྡན། བརླན་ས་དེར་རྩ་ཆེའི་ཚྭ་མཚོའི་ཐོན་ཁུངས་ཀྱི་ཚྭ་འབུ་ཡོད་པ་དང་། དེ་ནི་ཚྭ་འདམ་གཞོང་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཆུ་སྐྱེས་སྐྱེ་དངོས་ཀྱི་ཁྱབ་རྒྱ་ཡངས་པའི་ཚྭ་མཚོའི་གྲས་ཤིག་ཡིན་པ་དང་། ཚྭ་མཚོའི་སྐྱེ་ཁམས་མ་ལག་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན།
  དར་ལག་རྫོང་དར་ལག་ཆུ་བོའི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་དར་ལག་དང་དགའ་བདེ་རྫོང་གཉིས་ཀྱི་མངའ་ཁོངས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང2926.24ཡོད། གཙོ་བོ་ནི་མཐོ་སྒང་གི་སྤང་ཐང་དང་ན་འདམ། ཆུ་རྒྱུན་གྱི་བརླན་སའི་སྐྱེ་ཁམས་མ་ལག་ཡིན་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་མཆུ་དམར་སོགས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རིགས་དང་དེའི་འཚོ་གནས་སྲུང་སྐྱོང་བྱ་རྒྱུ་དེ་རེད། གནས་དེར་རི་སྐྱེས་སྲོག་ཆགས་ལ་སྡེ18དང་ཚན34དང་རིགས116ཁྱབ་ཡོད་ལ། རི་སྐྱེས་རྩི་ཤིང་ལ་ཚན40དང་ཁོངས11དང་རིགས200ཁྱབ་ཡོད། དར་ལག་ཆུ་བོ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཅིག་ཡིན་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་བརླན་སའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེ་ནི་སྐབས་རེར་ཆུ་རྒྱུན་གཅིག་ཏུ་འབབ་ཅིང་སྐབས་རེར་ཆུ་ལག་མང་པོར་གྱེས་ནས་འབབ་པའི་ཚུལ་དུ་ཡོད་པས། རྨ་ཆུའི་བཞུར་རྒྱུན་གྱི་ཁྱད་ཆོས་མངོན་པར་གསལ་བའི་ཆུ་རྒྱུན་ཞིག་ཡིན། སྐྱེ་ཁམས་མ་ལག་དང་རང་བྱུང་མཛེས་ལྗོངས་གཉིས་གཞི་གཅིག་ཏུ་འདུས་པ་དེ་འདྲ་ནི་མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་སུའང་དཔེ་མཚོན་རང་བཞིན་ལྡན་པ་ཞིག་རེད། །
(པད་རྡོར་གྱིས་བསྒྱུར། ཚེ་སྐྱོང་གིས་ཞུས།)