ཟླ10པའི་ཚེས7ཉིན། མཚོ་ཤར་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆེས་གསར་པའི་སྡོམ་རྩིས་གཞི་གྲངས་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་ད་ཡོད་ཁེ་ལས31ལ་གོ་ཆོད་པའི་སྐྱེ་ལྡན་ར་སྤྲོད་དཔང་ཡིག41ཡོད་པ་དང་། ཁེ་ལས37ལ་ལྗང་མདོག་ཟས་རིགས་ཀྱི་དཔང་ཡིག106ཡོད་པར་མ་ཟད། མཚོ་ཤར་ནི་ཞང་ཀང་གིSTCསྤུས་ལེགས་ར་སྤྲོད་དཔང་ཡིག་ཐོག་མ་བདེ་བླག་ངང་ཐོབ་པའི་གྲོང་ཁྱེར་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ད་ལོའི་ཟླ9པའི་ཟླ་མགོར། མཚོ་ཤར་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་དམིགས་འབེན་ལྟར། མཐོ་སྒང་གི་གྲང་བསིལ་སྔོ་ཚོད་ཐོན་ལས་ཕྲེང་འབྲེལ་ཡོངས་སུ་ཁྱབ་པའི་ཚད་གཞིའི་མ་ལག་བཟོས། མ་ལག་དེར་ཀུན་སྤྱོད་རྨང་གཞི་དང་ཐོན་སྐྱེད། ཐོན་རྫས་ཚད་གཞི། སྔོག་འདོན་རྗེས་ཀྱི་ཐག་གཅོད་བྱེད་སྟངས། ལས་སྣོན་འཁོར་རྒྱུག་སོགས་ནང་དོན་ཆེན་པོ་བདུན་དང་རིམ་པ་གཉིས་པའི་ཡན་ལག་ཚད་གཞི24འདུས་ཡོད། དེས་སྤུས་ལེགས་དང་རིན་གོང་ལེགས་པའི་མཐོ་སྒང་གི་གྲང་བསིལ་སྔོ་ཚོད་ཀྱི་ཟོང་རྟགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས་པ་དང་། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་གྲང་བསིལ་སྔོ་ཚོད་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་འདེབས་འཛུགས་ཚད་གཞི་གཅིག་གྱུར་མིན་པ་དང་། ཐོན་རྫས་ཀྱི་སྤུས་ཚད་བརྟན་བརླིང་མིན་པ། ཟོང་རྟགས་ཕན་འབྲས་མངོན་གསལ་མིན་པ་སོགས་འཕེལ་རྒྱས་ཀྱི་དཀའ་གནད་བསལ། ད་ལྟ། མཚོ་ཤར་གྲོང་ཁྱེར་ལག་བསྟར་བྱེད་བཞིན་པའི་ནུས་ལྡན་གྱི་ས་གནས་ཚད་གཞིའི་གཏན་འབེབས་ནང་ཟབ་ཞུགས་བྱས་ཏེ། སུར་པན་དང་སྣུམ་ཚལ།ཞོག་ཁོག ལའོ་ཏུའུ་ཡི་གླ་སྟར། སེའུ་དམར་པོ། སྒོག་པ། ལྕ་བ། གཡེར་མ། སེ་འདུས་ཚད་མཐོ་བའི་རྒྱ་སྲན། སེ་འདུས་ཚད་མཐོ་བའི་སྐེ་ཚོད། སེ་འདུས་ཚད་མཐོ་བའི་ཞོག་ཁོག མཚོ་ཤར་གྱི་བྱ་ཕོ། ཧུའུ་ཀྲུའུ་ཡི་ཕག ལའོ་ཏུའུ་ཡི་རྩྭ་ཕག་སོགས་མཚོ་ཤར་གྱི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཐོན་རྫས་མང་པོར་ཁྱབ་ཡོད།
དུས་མཚུངས་སུ། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ལས་སྣོན་མ་བྱས་སྔོན་དང་ལས་སྣོན་བྱེད་སྐབས། ལས་སྣོན་རྗེས་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་ཐོན་སྐྱེད་ལྟ་སྐུལ་ཚོད་འཛིན་མ་ལག་དང་། ཐོན་རྫས་ཞིབ་དཔྱད་ཚད་ལེན་མ་ལག ཚོང་རའི་ཁུངས་འདེད་མ་ལག་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འདེབས་འཛུགས་དང་གསོ་སྤེལ་ནས་ཐོན་སྐྱེད་ལས་སྣོན་དང་། ཚོང་རའི་འཁོར་རྒྱུག ཟས་ཅོག་བར་རྗེས་འདེད་ནུས་ལྡན་བྱེད་ཐུབ་པ་མངོན་འགྱུར་བྱུང་། མཚོ་སྔོན་ཅང་ཧོ་ཡོན་ཞིང་ཕྱུགས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི“སྐྱེ་ལྡན་ལོག་སྣུམ”དང“སྐྱེ་ལྡན་ཟར་མའི་སྣུམ”ལ་ཞང་ཀང་གི་ཚད་གཞི་དང་ཞིབ་བཤེར་ལྟེ་གནས་ཀྱི(STC)ར་སྤྲོད་ཐོབ་པར་མ་ཟད། ཞང་ཀངSTCཡི་སྤུས་ལེགས་ར་སྤྲོད་ཀྱི་དཔང་ཡིག་ཐོག་མ་ཐོབ། དེས་མཚོ་ཤར་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རྒྱལ་སྤྱིའི་རྒྱུ་སྤུས་ཀྱི་གྲལ་དུ་སླེབས་པ་མཚོན་ཡོད། །(ཐུབ་བསྟན་གྱིས་བསྒྱུར། དཔལ་ཆེན་རྡོ་རྗེས་བསྒྱུར། )

发表评论 取消回复