ཟླ10པའི་ཚེས12ཉིན། “རྒྱལ་མོ་རྔུལ་ཆུར་སྲུང་སྐྱོང་བྱས་ཏེ་བསྐལ་བརྒྱའི་བར་དུ་ཕན་བདེ་བསྐྲུན”ཞེས་པའི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སུ་རྡོ་རིང་འཛུགས་པའི་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་སྤེལ། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་མགོ་ཁྲིད་དང་། ཆེད་མཁས་པ། ཤེས་ཡོན་པ། གཞི་རིམ་ལས་བྱེད་པ། དེ་མིན་འབྲོག་པ་མང་ཚོགས་བཅས་མགོ་ལོག་གི་རི་འདབས་སུ་འཛོམས་ཤིང་། མཉམ་གཅིག་ཏུ་དུས་སྐབས་གལ་ཆེན་འདི་བསུས།
ཡུལ་དངོས་སུ། སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཆུ་བེད་སྡེ་ཁག་དང་ས་གནས་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་ཀྱིས་མཉམ་གཅིག་ཏུ་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་འདེད་པའི་རྗེས་དྲན་རྡོ་རིང་གི་ཡོལ་བ་དམར་པོ་ཕྱེ་བ་ན། རྗེས་དྲན་རྡོ་རིང་སྟེང་གི“རྒྱལ་མོ་རྔུལ་ཆུའི་མགོ་ཁུངས”ཞེས་པའི་ཡིག་འབྲུ་གསལ་ལེར་མངོན། 2000ལོའི་ཟླ5པར། ཀྲུང་གོ་ཚན་རིག་ཞིབ་འཇུག་གླིང་ཁྲེང་ཏུའུ་རི་ས་ཞིབ་འཇུག་ཁང་དང་རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་གྱི་ཆུ་གློག་གསར་སྤེལ་ཀུང་སིས་རྟོག་ཞིབ་རུ་ཁག་ལ་མཉམ་འབྲེལ་བྱས་ཏེ་ཆུ་བོའི་མགོ་ཁུངས་དེད་པ་དང་། གཅིག་སྒྲིལ་རྫོང་བར་གཞི་ཞང་གི་རྟ་སྒ་སྡེ་བ“རྒྱལ་མོ་རྔུལ་ཆུའི་མགོ་ཁུངས”སུ་གཏན་འཁེལ་བྱས། ཐེངས་འདིའི་རྗེས་དྲན་རྡོ་རིང་གི་ཡོལ་བ་ཕྱེས་པ་དེས་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་འདེད་པའི་བྱ་བ་ཡོངས་སུ་མཇུག་རྫོགས་པ་དང་། སི་ཁྲོན་དང་མཚོ་སྔོན་ས་གནས་གཉིས་ཀྱིས་མཉམ་དུ་རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཞིབ་འཇུག མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མགོ་བརྩམས་པ་མཚོན་པར་མ་ཟད། རྗེས་ཕྱོགས་ཀྱི་མགོ་ཁུངས་འདེད་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དྲ་བ་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་གཅིག་བསྡུས་བེད་སྤྱོད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ལ་ཡང་དག་པའི་ཚན་རིག་གི་འདེགས་སྐྱོར་མཁོ་སྤྲོད་བྱས་ལ། ལྷག་པར་དུ་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས“ཆུ་བོ་གཅིག་མཉམ་སྲུང་དང་ཇུས་གཞི་གཅིག་མཉམ་འགོད”བྱེད་པའི་ཁོངས་བརྒལ་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ཡོད།
གཅིག་སྒྲིལ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། མ་འོངས་པར་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་ལས་མཉམ་འགུལ་བྱེད་པ་ཇེ་དྲག་ཏུ་གཏོང་བ་དང་། ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཤུགས་ཚད་ཇེ་ཆེར་གཏོང་བར་མ་ཟད། “སྐྱེ་ཁམས+རིག་གནས”དང“སྲུང་སྐྱོང+འཕེལ་རྒྱས”ཀྱི་ཐབས་ལམ་གཉིས་ཀྱི་མཉམ་ལས་བྱེད་པར་དམིགས་ཤིང་། ས་ཁོངས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་འཚོལ་ཞིབ་བྱས་ཏེ། རྒྱལ་མོ་རྔུལ་ཆུའི“སྐྱེ་ཁམས་ཁེ་བཟང”དང“རིག་གནས་འགུག་ཤུགས”ཀྱིས་ས་གནས་གཉིས་ཀྱི་མང་ཚོགས་ལ་རྒྱུན་མཐུད་སྒོས་ཕན་བདེ་བསྐྲུན་རྒྱུ་ཡིན། །
(རྡོ་རྗེ་རིན་ཆེན་གྱིས་བསྒྱུར། པད་རྡོར་གྱིས་ཞུས།)

发表评论 取消回复