ཟླ10པའི་ཚེས8ཉིན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས2025ལོའི“རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་ལོ་ལེགས་ལོངས་སུ་སྤྱོད་པ་ལས་མཐུན་སྒྲིལ་ལ་སྐུལ་བའི”མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་དེ་ཞུན་ཧྭ་རྫོང་རིག་གནས་ལུས་རྩལ་ལྟེ་གནས་སུ་བསྡུས་པ་རེད། མཛེས་སྡུག་གི་མཆོར་གོས་གྱོན་པའི་ཟ་ལར་རིགས་ཀྱི་མཛེས་མ་དང་། ཞུན་ཧྭའི་སྤོ་ལོ་རུ་ཁག བོད་རིགས་ལྷ་རྩེད་རུ་ཁག སྐོར་བྲོ་རུ་ཁག བིས་མདོ་བོད་རིགས་ཞང་གི་རོང་འབྲོག་ལོ་ལེགས་རུ་ཁག་བཅས་དང་དེ་མིན་ཞིང་ཆེན་ནང་ཁུལ་གྱི་མདའ་འཕེན་མཐུན་ཚོགས་མང་པོའི་འཐུས་མིའི་དཔུང་ཁག་བཅས་འཛོམས་པ་དང་། ལྟད་མོ་བ་ཚོར་ཞུན་ཧྭ་རྫོང་གི་ཁྱད་ལྡན་ཞིང་ལས་ཀྱི་གཡུར་ཟའི་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ་འབད་བརྩོན་གྱི་སྙིང་སྟོབས་མངོན་པ་རེད།
  ཉེ་བའི་ལོ་ཤས་རིང་ཞུན་ཧྭ་རྫོང་གི་རྒྱ་རིགས་དང་ཟ་ལར་རིགས། བོད་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གིས་ཕན་ཚུན་རོགས་རམ་དང་། སྐྱིད་སྡུག་མཉམ་མྱོང་བྱས་ནས་སོ་སོའི་མཛེས་སྡུག་དང་མཛེས་སྡུག་མཉམ་སྤྱོད་ཀྱི་འཆམ་མཐུན་ཁྱིམ་གཞིས་བསྐྲུན་ཡོད། དེ་དང་ཆབས་ཅིག ཞུན་ཧྭ་རྫོང་གིས་ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གཞི་ཁྱོན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་མ་ལག་བཙུགས་ནས།སྔ་རྗེས་སུ“རྨ་ཆུའི་ཚོན་ལྡན་སྤོ་ལོ”དང་སྤོར་ཐང་། ཞ་ཐན་སོགས་ཁྱད་ལྡན་ཐོན་ལས་རྟེན་གཞི23བསྐྲུན་ཡོད། སྙེ་མའི་རྦ་རླབས་འཕྱུར་བའི་དགུན་གྲོ་མུའུ་ཁྲི་དང་། སྐད་གྲགས་ཆོད་པའི“སྟར་ག་གཅིག་དང་སུར་པན་གཉིས།” གསོན་ཤུགས་ཆེན་པོ་ལྡན་པའི་ནོར་གནག་དང་། འབྲོག་ལུག སན་ཝུན་ཉ། ལུའོ་ཧྲི་ཆུ་འབུ་སོགས་ཀྱི་ཁྱད་ལྡན་གསོ་སྤེལ་བྱ་རྒྱུ་དེ་ཞུན་ཧྭ་ཡི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད། ཡུལ་དངོས་སུ་ད་དུང་སུར་པན་དང་། གཡེར་མ། མ་རྨོས་ལོ་ཏོག ནན་ཀྭ་བཅས་ཡོད་པས་ཞུན་ཧྭའི་ཁྱད་ལྡན་ཞིང་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་མངོན་པར་མ་ཟད། རྫོང་ཡོངས་ཀྱི་ཞིང་པའི་ཡོང་འཕར་ཕྱུག་འགྱུར་གྱི་དགའ་སྤྲོ་དང་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་མཚོན་གྱིན་ཡོད།
  ཐེངས་འདིའི་བྱ་འགུལ་གྱིས་ལོ་ལེགས་མཛེས་ལྗོངས་དང་མདའ་འཕེན་སྨྱན་སྦྱོར་བྱས་ཏེ་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་དང་། ཞིང་ལས་ཐོན་རྫས་འགྲེམ་ཚོང་། མངོན་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་རྟེན་སྔར་ལས་ཕུན་སུམ་ཚོགས་པོར་བཏང་ནས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། །(ཚེ་སྐྱོང་གིས་བསྒྱུར། དོན་འགྲུབ་སྒྲོལ་མས་ཞུས།)

ལྷ་རྩེ་རྩེད་བཞིན་པ།