ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར།ཧྲུའུ་ཏའོ་ཚོགས་པས་མ་དངུལ་བཏང་ཞིང་སྐྲུན་བཞིན་པའི་གཅིག་འབར་མགྱོགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ཡ་གྱལ་ཚལ་བྲན་ཉག་གའི་ཕུག་ལམ་བདེ་བླག་ངང་ཕུག་ཐུབ་ཡོད།ད་ལོའི་ལོ་མཇུག་ཏུ་མཚོ་སྒང་གི་རླངས་འཁོར་འཇོག་གནས་ནས་ཟངས་དཀར་བར་མའི་བསྣོལ་མཚམས་བར་དང་།རྔ་བའི་བསྣོལ་མཚམས་ནས་ཨ་ཁྱམས་ཞབས་ཞུའི་ཁུལ་བར་ཁྱོན་སྤྱི་ལེ་87དུ་ཚོད་ལྟ་རང་བཞིན་གྱི་རླངས་འཁོར་གཏོང་རྒྱུ་རེད།
ཚལ་བྲན་ཉག་གའི་ཕུག་ལམ་ནི་ཧུང་ཡོན་རྫོང་ཁོངས་སུ་ཡོད་ཅིང་།སི་ཁྲོན་ནུབ་བྱང་རི་ཁུལ་ནས་མཐོ་སྒང་དུ་བརྒལ་མཚམས་རྒྱུད་དུ་ཡོད་ལ།རིང་ཚད་ཧྲིལ་བོར་སྨི་3100ཡོད་པ་དང་།ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་3650ཡོད།ཕུག་ལམ་དེས་རྨ་འབྲིའི་ཆུ་འབྱེད་རི་བོ་འཕྲེད་ཀྱིས་བཅད་ཡོད་ལ།ལོ་ཧྲིལ་བོའི་ཁ་བ་འབབ་ཡུན་ཟླ་བ་7ལས་བརྒལ་ཞིང་།ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་1.4℃ཡིན།དྲོད་ཚད་དམའ་ཤོས་-36℃སླེབས་སྲིད་པས།རང་བྱུང་ཁོར་ཡུག་གི་གནས་ཚུལ་ཛ་དྲག་ཡིན་པ་མ་ཟད།ཕུག་ལམ་གྱི་ས་གཤིས་ཆ་རྐྱེན་ཧ་ཅང་ཉོག་འཛིང་ཡིན་པས།འཛུགས་སྐྲུན་གྱི་དཀའ་ཁག་ཤིན་ཏུ་ཆེ།འདི་ནི་རྒྱལ་ཡོངས་སུ་མཐོང་དཀོན་པའི་མཐོ་སྒང་བྲག་སོབ་དབྱིབས་འགྱུར་གྱི་ཕུག་ལམ་ཞིག་ཡིན།
ཚལ་བྲན་ཉག་གའི་ཕུག་ལམ་བདེ་བླག་ངང་ཕུག་ཐུབ་པ་དེས།མཐོ་སྒང་བྲག་སོབ་དབྱིབས་འགྱུར་ཕུག་ལམ་གྱི་འཛུགས་སྐྲུན་ལག་རྩལ་དེ་འཚོལ་ཞིབ་ཀྱི་གོ་རིམ་ནས་རིམ་བཞིན་ཡོངས་སུ་བྱང་ཆུབ་པ་མཚོན་ལ།འདིའི་རིགས་ཀྱི་ཕུག་ལམ་འཛུགས་སྐྲུན་ལ་ལད་ཟློས་ཆོག་པའི་ལག་རྩལ་འདོན་སྤྲོད་བྱས་ཡོད།
རྒྱུས་ལོན་པ་ལྟར་ན།གཅིག་འབར་མགྱོགས་ལམ་ལམ་ཐིག་ཧྲིལ་བོ་རླངས་འཁོར་ཤར་གཏོང་ཐུབ་ཚེ།ཁྲེང་ཏུའུ་ནས་མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་བར་གྱི་ལམ་ཐག་དེ་སྔའི་ཆུ་ཚོད་8དང་ཕྱེད་ཀ་ནས་ཆུ་ཚོད་5དང་ཕྱེད་ཀ་རུ་བསྟུང་ཐུབ་པས།སྔར་བས་ལྷག་པའི་སྒོ་ནས་གཟི་རྩ་ཆེན་མོའི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱི་བར་སྟོང་གི་སྒྲིག་བཀོད་གྲུབ་པར་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་དོ།།(གསར་འགོད་པ་ཆོས་རྒྱས།)

发表评论 取消回复