སྤྱི་ཟླ7པའི་ཚེས8ཉིན་གྱི་ཞོགས་པར་ཡུལ་མི་རིན་ཆེན་གྱིས་ཉག་ཆུ་ཁའི་བེ་ཤ་སོ་མ་ཕག་མོ་རི་བརྒྱུད་ནས་ཧྲུན་ཧྥུང་མི་མེད་གནམ་གྲུའི་སྒར་ས་གཉིས་པར་སྐྱེལ་བཞིན་ཡོད། བེ་ཤ་སོ་མ་བླུགས་པའི་མི་མེད་གནམ་གྲུ་རི་བོ་མཐོན་པོ་དང་ནགས་ཚལ་སྟུག་པོ། སྨུག་སྤྲིན་སོགས་བརྒྱུད་དེ་སྐར་མ20ཡི་རྗེས་སུ་ཉག་ཆུ་ཁའི་བེ་ཤ་ཐོན་ལས་གླིང་གི་ཧྲུན་ཧྥུང་བེ་ཤ་མྱུར་སྐྱེལ་ཐག་གཅོད་ལྟེ་གནས་སུ་བབས་པ་དང་། གྲང་བཟོ་དང་རང་བྱེད་ཅན་གྱི་དབྱེ་གསེད། ཐུམ་སྦྱོར་བཅས་ཀྱི་ཐོག་མའི་ལས་སྣོན་བརྒྱུད་དེ་འཁྱག་སྦྲེལ་ཆེད་སྤྱོད་རླངས་འཁོར་དང་ཆེད་སྤྱོད་དུས་གཏན་གནམ་གྲུ་བརྒྱུད་ནས་ཆུ་ཚོད24ནང་རྒྱལ་ཡོངས་ས་གནས་ཁག་གི་གསོལ་ཅོག་སྟེང་དུ་ཐོན་ཐུབ།
  སྤྱི་ཟླ7པའི་ཚེས11ཉིན། ཚན་རྩལ་གྲུབ་རྒྱུ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་བེ་ཤ་གསོལ་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སྟེ། 2025ལོའི་ཀྲུང་གོའི་བེ་ཤའི་འབྱུང་ཡུལ་ཉག་ཆུ་ཁའི་བེ་ཤ་འཐུ་བའི་དུས་ཚིགས་འདུ་ཚོགས་ཉག་ཆུ་རྫོང་དུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས་པ་དང་། དུས་མཉམ་དུ་ཉག་ཆུ་ཁའི་བེ་ཤ་སྐྱེལ་འདྲེན་ཡང་ཚ་ཚ་འུར་འུར་ངང་སྤེལ་འགོ་བཙུགས། དེ་ནི་ཟས་ཞིམ་དང་རིག་གནས། ཐོན་ལས་བཅས་མཉམ་དུ་འཛོམས་པའི་གསོལ་སྟོན་ཆེན་པོ་ཞིག་རེད།
  འཕྲེད་རྒྱུག་རི་རྒྱུད་ཀྱི་དཀྱིལ་དུ་གནས་པའི་ཉག་ཆུ་རྫོང་ལ་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།སྐྱེ་ཁམས་ཁོར་ཡུག་ལེགས་པ། དངོས་སྣང་གནམ་གཤིས་ཐུན་མོང་མ་ཡིན་པ་ཡོད་པས། ཉག་ཆུ་ཁའི་བེ་ཤ་ཐོན་ཚད་མཐོ་བ་དང་སྤུས་ཀ་བཟང་ཞིང་། ལོ་རེའི་ཐོན་ཚད་ཏུན1000ཡན་ཡོད། འོན་ཀྱང་བེ་ཤ་མང་ཆེ་བ་ས་བབ་ཉེན་ཁ་ཆེ་བའི་གནས་སུ་སྐྱེས་ཡོད་པས་འཐུ་དཀའ་ཞིང་ཉར་ཚགས་ཀྱི་དུས་ཡུན་ཐུང་བ་རེད། སྔོན་ཆད་བེ་ཤའི་སྐྱེལ་འདྲེན་ནི་ཕྲག་པ་དང་ལག་ཟུང་། རྒྱང་རིང་ཟོག་འདྲེན་ལ་བརྟེན་དགོས། སྐྱེལ་འདྲེན་ནི་ཉག་ཆུ་ཁའི་བེ་ཤ་རི་ལས་ཐོན་པའི་སྤྱི་ལེ་དང་པོ་ཡིན་ལ། མི་ཤུགས་ལས་སྒྲུབ་བྱེད་ཤུགས་ཧ་ཅང་ཆེ་བའི་གནད་མཚམས་ཀྱང་ཡིན།
ད་ལྟའི་ཉག་ཆུའི་འགྲམ་རྒྱུད་དུ་བེ་ཤ་གཅིག་རྗེས་གཉིས་མཐུད་དེ་ཁྲོམ་རར་ཐོན་གྱི་ཡོད། ཉག་ཆུའི་བེ་ཤར་ཡུལ་མི་ཚོས་སྐྱེ་ཁམས་ཀྱི་ནོར་བུ་བསྔགས་བརྗོད་བྱས། ད་ལྟར་ཚན་རྩལ་ཡར་ཐོན་བྱུང་བའི་དབང་གིས་ཉག་ཆུ་ཁའི་བེ་ཤར་རི་ནས་འདྲེན་པའི་ཐོན་ལམ་གསར་པ་ཞིག་བཏོད་ཡོད།
 ཞིང་འབྲོག་པའི་བེ་ཤ་སྐྱེལ་འདྲེན་གྱི་དཀའ་གནད་ཐག་གཅོད་རོགས་བྱ་ཆེད། ཉག་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྐུལ་འདེད་འོག2019ལོ་ནས་བཟུང་ཧྲུན་ཧྥུང་མྱུར་སྐྱེལ་གྱིས་སྔ་རྗེས་སུ་མི་མེད་གནམ་གྲུ120བཏང་ནས་བེ་ཤ་གཅིག་སྡུད་ཐོན་ཁུལ་དུ་སྒར་ས7བཙུགས་ཡོད།
  ཧྲུན་ཧྥུང་མྱུར་སྐྱེལ་དཀར་མཛེས་འགན་འཁུར་པ་དབྱང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྲུན་ཧྥུང་གིས་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་བེ་ཤ་སོ་མ་སྡུད་པའི་བྱ་ཐབས་འཚོལ་ཞིབ་བྱས་ཏེ་མི་མེད་གནམ་གྲུ་སྤྱད་ནས་བེ་ཤ་སྐྱེལ་འདྲེན་ནང་ཞུགས་ཚེ་མང་ཚོགས་ཀྱི་འགྲོ་སྐྱོད་ཉུང་དུ་བཏང་བ་དང་བེ་ཤ་འཐུ་བའི་ལས་ཆོད་ཆེ་རུ་འགྲོ་ཐུབ་ཡོད། བེ་ཤ་ཐོན་པའི་དུས་ཚིགས་སུ་སླེབས་པ་དང་བསྟུན་ནས། ཧྲུན་ཧྥུང་གིས་མི་མེད་གནམ་གྲུ་ལ་བརྟེན་ནས་བེ་ཤའི་མཁའ་དབྱིངས་བར་ཁྱམས་བསྐྲུན་པ་དང་། ད་སྔར་མཁའ་ལམ5ལ་ཁྱབ་ཡོད་ཅིང་། བེ་ཤ་སྔོན་ལ་བརྒྱུད་སྤྲོད་སྐྱེལ་གསུམ་བྱས་ཏེ་ཞིང་ཆེན་ནང་ཁུལ་དུ་ཉིན་གཅིག་ནང་ཚུན་དུ་བསྐྱལ་ཐུབ་ལ། ཆུ་ཚོད48ནང་རྒྱལ་ཡོངས་ལ་བསྐྱལ་ཐུབ་པ་བྱུང་ཡོད།
  བེ་ཤ་ནི་དྲོད་ཚད་དང་བརླན་ཚད་ཀྱི་འགྱུར་ལྡོག་ལ་ཚོར་བ་སྐྱེན་པས། ཐུམ་སྒྲིལ་དང་སྐྱེལ་འདྲེན་ཁོར་ཡུག་ལ་བླང་བྱ་ཧ་ཅང་ནན་པོ་ཡོད། ཧྲུན་ཧྥུང་གིས་རི་ཁུལ་དུ་སྒར་ས་བརྒྱབ་ནས་ཆེད་ལས་ཀྱི་ཐུམ་སྒྲིལ་རྒྱུ་ཆ་སྤྱད་དེ་བེ་ཤ་འཐུ་བ་ནས་ཉོ་ཚོང་དང་། ཟོག་འགྲུལ། གསོལ་ཅོག་བཅས་བར་གྱི་སྦྲེལ་ཐག་ཡོངས་ལ་སྤུས་ཚད་འགན་ལེན་བྱེད་པར་མ་ཟད། བེ་ཤ་འཐུ་བ་དེ་བས་སྟབས་བདེ་དང་ཉེན་མེད་ཡོང་དུ་བཅུག་པ་རེད།།( ཀུན་དགས་བསྒྱུར།)