ཧྲེན་དབྱང་གིས་རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་གཤེན་ཀྱོ་གྲོང་སྡེ་དང་པོར་ཉེན་སྐྱོབ་གནོད་སེལ་ལས་ཀར་ཁྲིད་སྟོན་གནང་བཞིན་པ།

  ཉེ་ཆར་རང་ཁུལ་ལ་ད་ལོའི་ཆར་ཆུ་འབེལ་ཚུན་ནས་རྒྱུན་མཐུད་རང་བཞིན་གྱི་ཆར་ཞོད་ཆེ་བའི་གནམ་གཤིས་དྲག་པོར་འཕྲད་ནས་རོང་བྲག་རྫོང་དང་ལྕགས་ཟམ་རྫོང་སོགས་ས་ཁུལ་ཁག་གཅིག་ཏུ་གློ་བུར་དུ་ཆུ་ལོག་གནོད་འཚེ་ཐོན་ཡོད། གནོད་འཚེ་ཐོན་རྗེས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལམ་སང་ཁུལ་ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་རུ་བརྙན་ལམ་ནས་ཉེན་སྐྱོབ་གནོད་སེལ་གྱི་འབྲེལ་ཡོད་གནས་ཚུལ་བཀོད་གཏོང་གནང་བར་མ་ཟད། རོང་བྲག་རྫོང་དང་ལྕགས་ཟམ་རྫོང་གི་གནོད་འཚེ་ཐེབས་ཡུལ་དུ་ཆུ་ལོག་གནོད་འཚེའི་ཉེན་སྐྱོབ་གནོད་སེལ་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་དང་མཛུབ་ཁྲིད་ཀྱང་གནང་བ་རེད།
  ཁུལ་ཆུ་ལོག་སྔོན་འགོག་བཀོད་འདོམས་པུའུ་རུ་ཧྲེན་དབྱང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་བསྒྲགས་ནས་ཉེན་སྐྱོབ་གནོད་སེལ་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆུ་ལོག་སྔོན་འགོག་དང་གནོད་བསྙུང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དེ་ཨང་དང་པོར་བཞག་ནས་ཕྱོགས་ཡོངས་ནས་ཉེན་ཁ་ཆེ་བའི་མང་ཚོགས་ཚགས་བཤེར་བྱས་ཏེ་གནས་སྤོ་རུ་བཅུག་པ་དང་། ཞོར་ཐོན་གནོད་འཚེ་འགོག་ཟོན་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས།
  རོང་བྲག་རྫོང་བྲག་སྟེང་གྲོང་རྡལ་ཁྱུང་ཤམ་གྲོང་སྡེ་དང་། ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་དངུལ་མཐར་གྲོང་སྡེ་བཅས་སུ་ཧྲེན་དབྱང་གིས་ཡུལ་དངོས་སུ་གནོད་ཐེབས་གནས་ཚུལ་ཆ་རྒྱུས་བླངས་ཤིང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་། གཏོར་བཤིག་ཐེབས་པའི་འགྲོ་ལམ་མྱུར་བཟོ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་འཕེལ་རིམ་ལ་རྒྱུས་ལོན་གནང་ཞིང་། ཉེན་སྐྱོབ་གནོད་སེལ་དུ་ཞུགས་པའི་ཆེད་ལས་སྟོབས་ཤུགས་ཁག་དང་ཡུལ་དེ་གའི་ལས་བྱེད་པ་མང་ཚོགས་ལ་བཀའ་དྲིན་ཆེ་ཞུ་བ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་ཡུལ་དེ་གའི་ཏང་ཨུ་དང་སྲིད་གཞུང་ལ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས། འཐུང་ཆུ་སོགས་གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཞིག་གསོ་བྱས་ཏེ། ཆུ་ལམ་གྱི་འདམ་རྡོ་གཙང་སེལ་དང་། ཁང་པ་བསྐྱར་སྐྲུན། གནོད་བཤེར་གནོད་ཞུ། ལོ་ཏོག་གསབ་འདེབས་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ་གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་གོ་རིམ་གང་མགྱོགས་སླར་གསོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
  སྤྱི་ཟླ7ཚེས11ཉིན་ལ་ཧྲེན་དབྱང་གིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྕགས་ཟམ་རྫོང་དང་རོང་བྲག་རྫོང་། ཁུལ་འཚུབ་བསྟུན་དོ་དམ་ཅུས་བཅས་ཀྱི་ཆུ་ལོག་སྔོན་འགོག་གནོད་བསྙུང་དང་། ཉེན་སྐྱོབ་གནོད་སེལ། གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། ཚང་མ་དང་མཉམ་དུ་ད་སྔའི་ཆུ་ལོག་སྔོན་འགོག་གནས་བབ་ཐད་ལ་གྲོས་བསྡུར་དང་བརྡར་ཤ་བསྐྱར་དུ་གཅོད་པ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་ས་བབ་ས་དབྱིབས་སྣ་མང་དང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ། ཐལ་དྲགས་པའི་གནམ་གཤིས་འབྱུང་སླ་བ་དང་འབྱུང་མང་ཞིང་། ཆུ་ལོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་ལས་དོན་ཧ་ཅང་ཛ་དྲག་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆུ་ལོག་ཆེན་པོ་སྔོན་འགོག་དང་། ཉེན་ཆེན་མྱུར་སྐྱོབ། གནོད་ཆེན་སེལ་པའི་འདུ་ཤེས་བརྟན་པོ་བཅངས་ནས་གནོད་འཚེ་མ་འོང་སྔོན་དུ་གྲ་སྒྲིག་གང་ལེགས་བྱས་ནས་ཆུ་ལོག་སྔོན་འགོག་དང་གནོད་བསྙུང་གནོད་སེལ། ས་གཤིས་གནོད་འཚེ་འགོག་བཅོས་བཅས་ཀྱི་ལས་དོན་དངོས་འཛིན་ཞིབ་འཛིན་བྱ་དགོས་པར་བསྟན།
  ཧྲེན་དབྱང་གིས་ནན་གསུང་གནང་དོན། གཅིག་ནི་མང་ཚོགས་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། གཉིས་ནི་གནོད་སྐྱོན་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་མགྱོགས་སུ་གཏང་དགོས། གསུམ་ནི་གནོད་འཚེའི་མངོན་མེད་རྐྱེན་ངན་ཞིབ་བཤེར་དམ་འཛིན་ཡག་པོ་བྱ་དགོས། བཞི་ནི་ལྟ་ཞིབ་ཚད་ལེན་དང་སྔོན་དུ་ཉེན་ཟོན། སྔོན་བརྡ་གཏང་རྒྱུར་ཤུགས་བསྣན་དགོས། ལྔ་ནི་ཕྱོགས་ཁག་གི་འགན་འཁྲི་དམ་འཛིན་ནན་འཛིན་བྱ་དགོས།།( ལྷ་འཛོམས་ཀྱིས་བསྒྱུར།)