གྲོ་ཞིང་རྦ་རླབས་འཕྱུར་བ་བཞིན་དུ་ལོ་ལེགས་བསུ།། བརྔ་སྡུད་འཕྲུལ་ཆས་འགྲན་སྡུར་བྱེད་བཞིན་ལོ་ཏོག་སྡུད།། ད་སྔ་ནི་དབྱར་ཟླ་གསུམ་གྱི་བྲེལ་འཚུབ་ཆེ་བའི་དུས་སྐབས་ཡིན་པས། རང་ཁུལ་གྱིས་ཞིང་ལས་དུས་ཚིགས་ཀྱི་འགག་རྩ་དམ་འཛིན་བྱས་ཏེ། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་གཅིག་གྱུར་འཆར་འགོད་བཀོད་སྒྲིག་དང་། ལག་རྩལ་མཛུབ་ཁྲིད་བྱས་ནས་ཞིང་པར་ཕན་པའི་སྲིད་ཇུས་དོན་ལ་འཁྱོལ། བསྡུ་ལེན་དང་། འདེབས་འཛུགས། དོ་དམ་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོ་ཕྱོད་ཆེ་སྦྲེལ་མཐུད་བྱས་ཏེ། ལོ་གཅིག་གི་འབྲུ་རིགས་ཐོན་ཚད་བརྟན་པོ་ཡོང་བ་དང་ཡོང་འབབ་འཕར་བར་རྨང་གཞི་བརྟན་པོ་བཏིང་སྟེ་ཤུགས་ཡོད་རྒུས“སི་ཁྲོན་འབྲུ་མཛོད”བསྲུངས་པ་རེད།
  དབྱར་ཐོག་སྡུད་པའི་དུས་ཚོད་དམ་འཛིན་བྱས་ཏེ། མ་དངུལ་སྒོར་ཁྲི212གཅིག་འདོམས་ཀྱིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ལག་ལེན་བསྟར་བ་དང་། བརྔ་སྡུད་འཕྲུལ་འཁོར80ལྷག་དབྱར་བསྡུའི་ལས་སྒྲུབ་ཏུ་བཀོད་སྒྲིག་བྱས། གཞི་རིམ་ཞིང་ལས་ལག་རྩལ་མི་སྣ1000ལྷག་བསྡུས་ནས་དབྱར་ཐོག་བསྡུ་རུབ་རོགས་རམ་རུ་ཁག20བཙུགས་ཏེ་ཞིང་ཁར་ལག་རྩལ་མཛུབ་ཁྲིད་དང་རོགས་སྐྱོར་ཞབས་ཞུ་བྱས། གནམ་གཤིས་འགྱུར་ལྡོག་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། གནམ་གཤིས་སྡེ་ཁག་དང་མཉམ་འབྲེལ་ཐོག་གནོད་འཚེ་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཐེངས་གསུམ་ཁྱབ་བསྒྲགས་བྱས་ཏེ་ཐལ་དྲགས་པའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་སྔོན་ནས་ཡག་པོ་བྱས་ཡོད། ད་སྔར། ཁུལ་ཡོངས་ཀྱིས་དབྱར་ཐོག་མུའུ་ཁྲི5.46བསྡུས་པ་དང་། སྔོན་དཔག་བྱས་ན་ཐོན་ཚད་ཏུན་ཁྲི1.5ལས་བརྒལ་ནས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ3.68འཕར་རྒྱུ་རེད།
  དབྱར་འདེབས་ལ་འགན་ལེན་བྱས་ཏེ་སྟོན་དུས་ལོ་ལེགས་ཡོང་བར་གྲལ་སྒྲིག་བྱས། ས་བོན་བཟང་པོ་དང་། འདེབས་ཐབས་བཟང་པོ། གོ་སྐབས་བཟང་པོ། ཞིང་བཟང་པོ། ལམ་ལུགས་བཟང་པོ་བཅས“བཟང་པོ་ལྔ་”མཉམ་འདྲེས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། དྲྭ་ཐོག་སློབ་ཚན་ཐད་གཏོང་དང་། དྲྭ་འོག་གཅིག་སྡུད་སློབ་ཁྲིད། ཞིང་ནང་སློབ་ཚན་དངོས་སྦྱོང་སོགས་སྣ་མང་ཅན་གྱི་བྱ་ཐབས་བརྒྱུད་དེ་འབྲུ་རིགས་འདེབས་འཛུགས་རྩལ་ནུས་གསོ་སྦྱོང་ཐེངས65སྤེལ་བ་དང་། འབྲུ་རིགས་འདེབས་འཛུགས་ཞིང་པ་མི་ཁྲི3ལྷག་ལ་ཁེབས་ནས་སྔོན་ཐོན་འདེབས་འཛུགས་ལག་རྩལ་དུད་ཚང་ཁྲི་སྟོང་དུ་དངོས་སུ་བསྐྱལ་ཐུབ་པ་བྱུང་ཡོད། དུས་མཉམ་དུ། ལོ་འཁོར་གྱི་ཚད་གཞི་མཐོན་པོའི་ས་ཞིང་འཛུགས་སྐྲུན་ལས་གཞི་སྤེལ་འགོ་བཙུགས་པ་དང་། ས་ཞིང་སྙོམས་པ་དང་། ཆུ་འདྲེན་དང་ཆུ་འབུད་སྒྲིག་ཆས་འཐུས་ཚང་དུ་བཏང་བ། ས་ཞིང་ལེགས་བཅོས་སོགས་ཀྱི་ལས་གཞི་བྱེད་ཐབས་བརྒྱུད་དེ་རྨོ་ཞིང་གི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་བ་དང་ས་ཞིང་ཕྱོགས་བསྡུས་ཐོན་སྐྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་བྱས་ན་ཁུལ་ཡོངས་ཀྱི་དབྱར་འདེབས་རྒྱ་ཁྱོན་མུའུ་ཁྲི3.6ལྷག་ལ་ཟིན་ཐུབ།
  དབྱར་འདེབས་དོ་དམ་ལ་བསྐུལ་ནས་ལོ་ཏོག་སྐྱེ་འཕེལ་ཡོང་བར་བསྲུངས། ཁུལ་དང་། རྫོང་། ཡུལ་ཤོག་བཅས་རིམ་པ་གསུམ་གྱི་ཞིང་ལས་ལག་རྩལ་ཞབས་ཞུའི་ཆེད་ལས་འཛིན་གྲྭ་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་། ཞིང་ལས་ལག་རྩལ་མི་སྣ་བསྡུས་ནས་ཞིང་དུ་སྐོར་སྐྱོད་མཛུབ་ཁྲིད་ཐེངས50ལྷག་སྤེལ་ཏེ། ཞིང་ལས་ལོ་ཏོག་སྐྱེ་འཚར་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་སྣ་ཚོགས་ལ་དམིགས་ནས་བྱ་ཐབས་སྣ་ཚོགས་བཏོན། ནད་དང་གནོད་འབུའི་འགོག་བཅོས་ཐད་ས་ཞིང་གཙོ་བོ་མུའུ་ཁྲི1.85ལ་ནད་དང་གནོད་འབུ་མཉམ་འགོག་མཉམ་བཅོས་མཉམ་བརྟག་བྱས་ཏེ། མཉམ་འགོག་མཉམ་བཅོས་ཀྱི་ཁེབས་ཚད་བརྒྱ་ཆ61ལ་ཟིན་ཞིང་། ནད་དང་གནོད་འབུའི་ཁྱབ་མཆེད་བཀག་འགོག་ནུས་ལྡན་ཐུབ་ཡོད། དེ་དང་ཆབས་ཅིག་ཏུ“ཆུ་ལུད་གཞི་གཅིག་ཅན”གྱི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་བཀོལ་སྤྱོད་རྒྱ་ཁྱོན་མུའུ་ཁྲི3ལྷག་ལ་ཟིན་ཏེ། ཆུའི་ཐོན་ཁུངས་དང་ལུད་བེད་སྤྱོད་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་ཞིང་ལས་ཐོན་སྐྱེད་ཐད་ཆུ་ལུད་གྲོན་ཆུང་བྱུང་བ་དང་སྤུས་ལེགས་ནུས་ཐོན་བྱུང་ཡོད་པ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)