ཉེ་ཆར། བརྒྱད་ཟིལ་རྫོང་གི་དུས་ཐེངས་གཉིས་པའི་ཐད་གཏོང་དྲྭ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་། བརྒྱད་ཟིལ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་སློབ་མ30ལྷག་ཞུགས་ཡོད།

ཉེ་བའི་ལོ་ཤས་རིང། ཐད་གཏོང+”ཀྱི་ལས་རྣམ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐད་གཏོང་བརྒྱུད་དེ་དངོས་ཟོག་ཚོང་བ་དེ་ཡང་གྲོང་གསེབ་ཏུ་དར་ཁྱབ་ཆེ་བ་གྱུར་ཡོད། བརྒྱད་ཟིལ་རྫོང་གིས་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲངས་ཏེ་སྨྱན་སྦྱོར་གསར་པ་དང་། ཐོན་ལས། ཤེས་ལྡན་མི་སྣ་བཅས་ཟུང་དུ་སྦྲེལ་ནས།གྲོང་ཚོ་གཅིག་ལ་ཐད་གཏོང་བྱེད་མི་གཅིག་གི་སྐྱེད་སྲིང་བྱེད་སྒོ་སྤེལ་ནས་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན་ལ།བཞུགས་མོལ་སྤེལ་རེས་དང་། གཅིག་སྡུད་སློབ་ཁྲིད། དངོས་འཐབ་ནང་སྦྱོང་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་གློག་རྡུལ་ཚོང་དོན་ལས་རིགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ། ཐད་གཏོང་བརྒྱུད་ནས་དངོས་ཟོག་ཚོང་པའི་ཤེས་བྱ་དང་གཟབ་ནན་བྱ་དགོས་ས་བཅས་ལ་དམིགས་ནས་སློབ་ཁྲིད་བྱས་པ་དང་། དགེ་རྒན་ཚོས་དོན་ཟབ་ལ་གོ་སླ་ཞིང་གསོན་ཉམས་ལྡན་པའི་དཔེ་མཚོན་དྲངས་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་དང་འབྲེལ་སློབ་མའི་བརྙན་ཐུང་པར་ལེན་དང་དྲས་སྒྲིག་སོགས་ཀྱི་ཐད་གཏོང་གི་ཤེས་བྱ་གང་མང་བསྩལ་ནས་གསོ་སྦྱོང་གི་ཕན་ནུས་ཆེན་པོ་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་ཐད་གཏོང་ཚོང་དོན་ལ་སྤྲོ་སེམས་ལྡན་པ་དང་ཕུགས་བསམ་ལྡན་པའི་དུས་རབས་གསར་པའི་ཡུལ་སྡེའི་གཞོན་ནུ་ཁག་གཅིག་གསོ་སྐྱོང་བྱ་ཆེད་ཡིན་ཞིང་།ས་གནས་དེ་གའི་སྤུས་ལེགས་ཞིང་ལས་ཐོན་རྫས་དང་ཁྱད་ལྡན་གྲོང་གསེབ་ཀྱི་མཛེས་ལྗོངས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་མཁན་ཞིག་ཏུ་འགྱུར་རྒྱུ་དང་།གློག་རྡུལ་ཚོང་དོན་གྱི་ཡུལ་སྡེ་དར་རྒྱས་དང་བརྒྱད་ཟིལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱ་ཐུབ་པ་རེད་དོ།